རྐྱང་ཚའི་བྱ་བྲལ་བ་འབོ་རའི་དགེ་སློང་སྐལ་བཟང་ཡར་འཕེལ་གྱི་རྣམ་ཐར།
༄༅། །རྐྱང་ཚའི་ཆབ་ཚན་གྱི་བྱ་བྲལ་བ་འབོ་རའི་དགེ་སློང་སྐལ་བཟང་ཡར་འཕེལ་གྱི་རྣམ་པར་ཐར་བའི་བསྡུས་དོན་པད་དཀར་ཆུན་པོ།
འབོ་རའི་ཡོན་ཏན།
འཆི་མེད་རྐང་འཐུང་བཀྲ་བའི་མེ་ཏོག་ཚུལ།།
རིན་ཆེན་ཚོམ་བུ་བཀོད་པའི་ས་འཛིན་དབུས།།
ཆུ་འཛིན་གོས་ལ་རྒྱུ་གར་ཚོགས་རྒྱན་ཏེ།།
གྲུབ་པའི་ལྷ་མོས་གླུ་འདི་ལེན་རོགས་མཛོད།།
ཁམས་དང་མོས་པའི་བསམ་པ་ཐ་དད་པར།།
བཀོད་པའི་དགེ་བ་ས་ཡིས་མ་ཐེག་པར།།
གླིང་བཞིར་རྒྱུ་བའི་མཁའ་ལ་ཉི་ཟླ་སྟེ།།
རྒྱལ་དབང་པཎ་ཆེན་རྣམ་གཉིས་གུས་པས་བསྟེན།།
བྱང་གི་བསྟན་པའི་བདག་པོ་ཀུན་མཁྱེན་རྗེར།།
དུད་པའི་རྐང་གཉིས་བྱེ་བ་ཕྲག་བརྒྱའི་ནང་།།
བསྟན་པའི་སྲོག་གི་སྒལ་ཚིགས་དྲང་བ་སྟེ།།
ཐར་མི་ཆི་ལ་གུས་པས་ཕྱག་འཚལ་ལོ།།
མ་ཅིག་ལབ་ཀྱི་སྒྲོལ་མའི་ལུང་བསྟན་དུ།།
མདོ་གསུམ་ཉན་ཐོས་དགོན་ཆེན་འབྱུང་ཞེས་པའི།།
བརྗེན་པར་མངོན་སུམ་གཟིགས་པའི་སྡེ་འདི་ཡི།།
རྒན་གཞོན་ཚང་མར་སོར་བཅུས་ཐལ་མོ་སྦྱར།།
མངོན་སུམ་ལུང་གིས་བསྟན་པའི་ཚིག་གི་ཟུར།།
མདོ་གསུམ་ཡ་གྱལ་སྤོ་ཚ་མདོ་ཞེས་པའི།།
སྙིང་འབུམ་ཐར་དང་རྣམ་ཕྱུག་སྐྱིད་ཟེར་བའི།།
ཡབ་ཡུམ་དེ་ཡི་ཆུ་བྱ་ལོ་ལ་འཁྲུངས།།
རང་རེའི་ཁྲི་ཟུར་ཨ་ལགས་སྟོབས་ལྡན་ནས།།
རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་ཉིན་བཟུང་།།
ཆོས་སྤྱོད་བློ་རྟགས་བསྡུས་གསུམ་གཙོ་བྱས་བའི།།
བཀའ་པོད་མང་བོའི་གླེགས་ཐག་ཞིག་ན་ཡང་།།
ཁོང་གི་ཡོངས་འཛིན་ཨ་ཁུ་རྔ་བ།
རྟོག་གེའི་ལུང་ཚིག་སྐམ་པོས་མ་ཁེངས་པར།།
སྔོན་བྱས་རྟེན་འབྲེལ་ཟབ་མོའི་ཉེ་བར་བརྟེན།།
ཞི་བྱེད་གཅོད་ཀྱི་རི་ཁྲོད་བསླབ་གསུམ་ནས།།
ཡུལ་གྱུར་ཨ་ཁུ་རྔ་བ་ཕེབས་པ་མཇལ།།
དེ་ལ་བསམ་སྦྱོར་གཉིས་ཀྱིས་གུས་བསྟེན་ནས།།
ཐུན་མོང་རིག་གནས་གཙོས་པའི་གསོ་རིག་དང་།།
དབང་ཁྲིད་མན་ངག་མང་བོ་ཞུ་བས་ཀྱང་།།
མ་ཅིག་བརྒྱུད་པའི་གདམས་པ་ཐུགས་སུ་བཏེགས།།
འདོད་དགུ་སྦས་པའི་བཱ་ཡན་ནོར་མཚོ་ནས།།
གངས་དཀར་ཕྱོགས་ལས་རྒྱལ་བའི་རྨ་ཆེན་སོགས།།
ས་བཙན་ཀླུ་གཉན་རྒོད་པ་དུ་མ་རུ།།
ཕེབས་ནས་ཆུ་མིག་སྟོང་ཕྲག་མཉམ་དུ་ཕུད།།
མཚམས་ཤིག་བཤེས་གཉེན་དམ་པ་གང་དེ་ཡི།།
མི་འདོད་ནད་ཀྱི་གྲོལ་བར་ཆབ་ཚན་ཕེབས།།
འོན་ཏེ་འབྱུང་བཞིའི་འཁྲིག་པ་མ་ལྷོད་པར།།
དམ་པ་ཁྱེད་ནི་གཅིག་བུར་བཞག་ནས་ལུས།།
དེར་བརྟེན་ངེས་པར་འབྱུང་བའི་ཐར་བློ་ཡིས།།
ཞི་བའི་དབྱིངས་ལ་མ་འཐིམ་ད་ལོའི་བར།།
འཇིག་རྟེན་ཆོས་བརྒྱད་རྩ་ནས་དོར་བས་ངང་།།
བློ་ཕུགས་ཆོས་དང་ཆོས་ཕུགས་བྲག་ལ་གཏད།།
སྙིང་རྗེ་རང་གཟུགས་བཅུ་དྲུག་ན་ཚོད་ཅན།།
མངོན་སུམ་བྱུང་ནས་རྗེས་བཟུང་ཨ་ཁུ་སྟེ།།
བྱམས་པའི་མཚན་ཅན་ཉིད་ལ་རྟག་གུས་ནས།།
མན་ངག་བཅུད་ཀྱིས་ལོ་མང་རིང་དུ་གསོས།།
དེའི་ཕྱིར་དམ་པ་གང་གི་བསམ་གཏན་ཁང་།།
ས་ཁང་ཐེབས་ཆག་ཞིག་གི་རྣམ་པ་ཡང་།།
མི་ཤིགས་རྡོ་རྗེ་ཁམས་སུ་རྟག་བྱས་ནས།།
མི་ཚེ་གང་བོར་བཞུགས་པ་ངོ་མཚར་ཆེ།།
ནང་དུ་མཆོད་པའི་རྟེན་དང་ཅ་ལག་ཀྱང་།།
རིན་གྱིས་ཟིན་པ་ཅི་ཡང་མེད་ན་འང་།།
ཤིན་ཏུ་གཅེས་པའི་མལ་ཁྲིར་གང་གི་སྐུ།
བཞུགས་པར་མོས་པས་ཚེ་གང་ཕྱག་མཆོད་བྱེད།།
སྤྱོད་ལམ་རྣམ་བཞི་ཙམ་ལས་མི་ཤོང་བའི།།
ནག་གེར་ཡོད་པའི་ཁང་མིག་དག་པོ་ནང་།།
ཐུན་དྲུག་རྣལ་འབྱོར་བརྩོན་ལ་དགེ་སྤྲོ་བའི།།
ཐུགས་གཤིས་བརྟན་པོར་བཞུགས་ལ་ཅི་མི་མཚར།།
འབྲས་བུའི་ཁུར་གྱིས་དུད་པའི་ནགས་ཀློང་དུ།།
ཅི་གར་རྒྱུ་བའི་རྐང་བཞིའི་རྩེད་འཇོ་དང་།།
གཉིས་སྐྱེས་ཚོགས་ཀྱིས་སྙན་པའི་ཅ་ཅོ་ལས།།
མི་སྐད་ཐོས་རྒྱུ་མེད་པའི་གནས་ཁང་སྐྱིད།།
བཻ་རོའི་བསམ་གཏན་ཁང་གི་གཡོས་ངོས་སུ།།
ར་རོང་ཆོས་གྲགས་སྟོང་སྐོར་རྣམ་གཉིས་གཙོས།།
དམ་པ་དུ་མའི་སྤྱིལ་ཆུང་ཕྲེང་བསྟར་མོད།།
འཕགས་པའི་གྲུ་འཛིན་འདི་ལ་སུ་ཡིས་བཟོད།།
རང་བྱུང་འཇིག་རྟེན་ཁམས་ཀྱི་ལྟད་མོ་ལ།།
སྣང་བརྙན་ཙམ་ལས་འགྲོ་བའི་ནད་སེལ་བ།།
གཞན་ན་མེད་པའི་རྐྱང་ཚའི་ཆབ་ཚན་དུ།།
སྒོམ་པའི་ཏིང་འཛིན་བྲག་ལས་ཁྱེད་ཉིད་སྲ།།
གནས་འདིར་སྒྲུབས་པ་སྙིང་བོར་བྱེད་མི་རྣམས།།
སྣང་སྲིད་ཟིལ་གནོན་དམིགས་པ་བསྐོར་གསུམ་གྱིས།།
ཕྱི་ནང་བདུད་བཞི་མ་ལུས་བཏུལ་བས་ངང་།།
ནམ་ཡང་ལྡང་བ་མེད་པར་ལུང་གིས་ཟིན།།
གནས་དེའི་བྱེད་པོ་གང་གི་རྡོ་རྗེའི་ཕུག།
གཡས་ངོས་འདབས་ཀྱི་ཤུག་པའི་ཚང་ཚིང་དུ།།
ཁུ་བྱུག་གསུང་ལ་ཅོ་འདྲི་གསིལ་བའི་སྒྲ།
ན་བུན་སྨུག་པའི་གསེང་ན་དཀྲོལ་ལོ་ལོ།།
འོན་ཏེ་གནས་གསུམ་དཔའ་བོ་མཁའ་འགྲོའི་སྟི།།
ཨོ་ཊཱ་ཡ་ནའི་སྒྲུབ་མཆོག་གསང་བའི་ཁང་།།
འགྲན་པར་ནུས་པའི་རྡོ་རྗེའི་ཕོ་བྲང་དུ།།
དྲན་པ་ཚང་གིས་བཞུགས་སུ་གསོལ་བར་ཞུ།།
རང་བྱུང་གདོང་གནས་གྲུབ་པའི་གཞལ་ཡས་ཁང་།།
སྲ་བའི་བྲག་དང་ལྗོན་པའི་ཚང་ཚིང་དུ།།
ཅི་བཞུགས་མཁའ་འགྲོའི་ཚོགས་དང་གླུ་གཉན་གྱིས།།
ཁྱོད་ཀྱིས་སྣང་སྟོང་གཟིགས་པ་མེལ་ཚེ་མཛད།།
ས་རྡོ་བྲག་རི་རྐང་འཐུང་མཁས་ལས་ཀྱང་།།
གང་འདུལ་འགྲོ་ལ་ཆོས་ཀྱི་དོན་སྟོན་ཟེར།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ནི།།
གནས་དེའི་འགྲོ་བའི་སེམས་སུ་འཕྲོས་ནས་ཟུག།
རང་གཞན་ཕན་བདེ་འབྱུང་བའི་གནས་གཅིག་བུ།།
རྩེ་གཅིག་བསྒྲུབས་ལ་བརྩོན་པས་འབྲས་བཟང་སྟེ།།
སྒོམ་པའི་ཏིང་འཛིན་སྲོག་གི་མདབ་སྟོང་ལ།།
ཕར་ཕྱིན་དྲུག་ལྡན་ཤུག་པའི་གསེང་ན་མཐོ།།
ཟབ་རྒྱས་གདམས་པ་གཉིས་ཀྱི་ཆུ་ཀློང་ཆེ།།
གཅིག་ཏུ་བཏུང་བའི་ཇོ་བོ་ལྷ་གཅིག་ནས། །
ཡབ་རྗེ་བླ་མ་འཇམ་འགོན་ཙོང་ཁ་བའི། །
ལམ་རིམ་འདི་ལ་ཉམས་ལེན་འཐིལ་དུ་མཛད།།
ཡི་དམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ།།
ཞིང་གི་བདག་པོ་བཞེངས་པས་སྐུ་དྲིན་གྱིས།།
རང་གཞན་མང་བོ་ལྷག་པའི་ལྷ་ཚོགས་སུ།།
ཞུགས་པར་མཛད་ལ་བཀའ་དྲིན་བླ་ན་མཐོ།།
ཤིན་ཏུ་ཉམས་ཐག་འགྲོ་བའི་ནད་པ་དག།
བཞི་བརྒྱ་རྩ་བཞི་འཇོམ་པའི་ཆུ་ཁོལ་དང་།།
བསྐྱལ་བ་སྐུ་རིམ་འཚོ་བྱེད་བསྟེན་པས་ཀྱང་།།
མ་ཕན་རིལ་བུ་འགས་ཀྱང་སངས་དྲག་བྱས།།
ཆོས་ལ་སྐྱབས་སུ་སོང་བའི་དགག་བྱ་དང་།།
སྲོག་གཅོད་གོང་ན་སྡིག་པ་མེད་གསུངས་པ།།
གཅིག་ཏུ་བསམ་ནས་རང་ཉིད་གཙོ་བྱས་པའི།།
སློབ་བུ་སྟོང་ཕྲུག་ལོང་བས་དམར་ཟས་བཅད།།
སྙིགས་མའི་རང་ཚང་བརྡོལ་བའི་རྟགས་མཚན་དེ།།
འདོད་ཡོན་བདུད་ཀྱི་བུ་མོའི་བསླུ་བྲིད་ལ།།
བཀའ་གདམས་གོང་མའི་མཛད་པ་ལྷུར་བླངས་ནས།།
རྗེན་པར་མངོན་སུམ་བསྟན་ལ་སྙིང་ནས་གུས།།
འབྱུང་འགྱུར་ལུང་དུ་བསྟན་པའི་ཚིག་རིས་དང་།།
ཏིང་འཛིིན་སྔགས་ཀྱིས་བཏབ་པའི་བྱིན་མཐུ་ནི།།
མཆོད་པའི་བཀུར་སྟིའི་འགུལ་ལ་མ་བཏེགས་ན།།
བརྩེ་བའི་བདག་གཞན་ཀློང་ནས་ཕྱི་ལ་ལྷོག །
ཆོས་སྐལ་ཅི་རིགས་བསྩལ་བའི་ཡོན་ཕུལ་བ།།
དོན་མེད་སྐར་གང་ཆུད་ཟོ་མི་གཏོང་བར།།
བསྟན་པའི་ཞིང་སར་བསྔོས་པ་འདི་ལྟ་ཞེས།།
གཅིག་ཏུ་བཀོད་པའི་ངོམ་སོ་མ་བྱས་ཀྱང་།།
དྲན་པ་དགེ་སར་མཆོག་གི་ཞལ་གསུང་བཞིན།།
ཤིན་ཏུ་ཉོམས་པའི་བྱ་བཏང་བཙུན་མ་ཚོ།།
མཉམ་དུ་ཚོགས་སའི་འདུ་ཁང་བཅོལ་བ་བཞིན།།
ལོ་འདིའི་སྔ་མར་གཞི་ནས་ཚོགས་ལ་འཚོགས།།
གདན་སའི་འདུ་ཁང་ཆེན་མོའི་བསྐྱར་བཞེངས་སུ།།
གདོང་བཏེགས་ཀྭ་རིང་བཅུ་བོ་དྲངས་པ་དང་།།
ལེགས་འགྲུབ་དགའ་སྟོན་རོལ་བའི་ཉིན་གཉིས་པར།།
མཆོད་པའི་བསྙེན་བཀུར་ཚོགས་བསགས་འགྲན་མེད་བྱས།།
ཁུར་དུ་ལྗི་བའི་ཟག་བཅས་ཕུང་བོ་ཉིད།།
འབྱུང་བཞིའི་ཁམས་སུ་མ་འཐིམ་སྔུན་དག་ལ།།
འདོད་པའི་ཟས་ཀྱིས་གསོ་བ་མཚམས་བཞག་ནས།།
ཚེས་གསུམ་བུད་འགྲོ་ཟེར་ནས་དུས་བཅད་མཛད།།
གསུང་བ་ནང་བཞིན་བླ་མའི་གདུང་མཆོད་དེ།།
ཧོར་ཟླ་གཉིས་པའི་ཚེས་གསུམ་དུས་མཆོད་དུ།།
གཟུགས་སྐུ་རགས་པའི་བཀོད་པ་ཉེར་བསྡུས་ནས།།
ཟག་མེད་ཆོས་དབྱིངས་ངང་ལས་ཞི་བར་གཤེགས།།
རྒྱ་དགེ་དགོན་དང་དྲན་པའི་དགོན་ཁག་གི།
བླ་གྲྭ་སོ་སོ་ཕེབས་ནས་གདུང་མཇལ་དང་།།
སྨོན་ལམ་གདུང་འདུན་བདག་འཇུག་རིས་མེད་ངང་།།
ཆོས་ཀྱི་མཆོད་པ་ཡུལ་ལས་འགོང་བ་ཕུལ།།
རྐྱང་ཚ་གཙོས་པའི་ཕྱོགས་ཀྱི་ཐེ་བོ་དང་།།
བཞག་སྡོམ་སོགས་ནས་འོང་བའི་མཇལ་བ་དག།
ལུང་ཁུག་དོག་མ་དེ་རུ་མི་ཤོང་ཡང་།།
ཉིད་ཀྱི་བསམ་གཏན་ཁང་དུ་རིམ་པས་བསྟར།།
དད་དམ་གཙང་བའི་དངོས་ཀྱི་སློབ་བུ་འགས།།
སྤྲུལ་བའི་སྐུ་ཞིག་བཙལ་བར་མོས་འཐུན་ནའང་།།
འདའ་ཁའི་ཞལ་ཆེམས་གང་ཡང་གནང་མེད་པས།།
དད་པའི་དཔལ་ལ་བཀོད་དེ་བསྐྱུར་དགོས་བྱུང་།།
དེ་ནས་སྤྲུལ་བའི་རྒྱ་དགེའི་ཞལ་གསུང་བཞིན།།
རང་རེའི་དུར་ཁྲོད་ཆེན་མོར་བྱ་སྦྱིན་གནངས། །
སྐལ་ཙམ་གནང་བའི་གདུང་རུས་ཕྱིར་ཁྱེར་ནས།།
ཐུགས་རྗེ་ཆེན་པོའི་སྐུ་འབུམ་རྟེན་དུ་བླུགས།།
སྙིགས་མའི་འདོད་ཡོན་བདུད་ཀྱི་སྒེག་མོ་ལ།།
འདོད་པའི་ཀུན་བཏགས་རེ་རེ་ཞིག་གྱུར་ནས།།
གང་བྱས་ཆོས་སུ་འགྲོ་བའི་མཛད་རྣམ་དེ།།
བདག་གི་སྨྱུ་གུའི་ཁམས་ནས་ཅི་ལྟར་རྡོལ།།
འཁོར་བའི་ཚང་དུ་འདི་ཞེས་གནས་བཅའ་བའི།།
བདག་གཞན་མ་ལུས་འདི་ལྟར་འགོད་པའི་ཕྱིར།།
ཅུང་ཙམ་བྲིས་པའི་རྣམ་དཀར་དགེ་བ་འདི།།
དད་པས་ལན་བརྒྱར་བཀོད་དེ་ཐུན་མོང་བསྔོས།།
འདི་ནི་ལུང་གི་ཕྲེང་བས་རྣམ་པར་བཀོད་པ་ཆོས་སྡེ་ཆེན་པོ་འབོ་རའི་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲོགས་རིགས་པ་སྨྲ་བའི་གྲལ་མཐའ་བ་ཡོན་ཏན་རྒྱ་མཚོ་རུ་འབོད་པས་དད་གུས་སྤྲོ་གསུམ་གྱིས་སྦྱར་བའོ།། ༢༠༡༧/༢/༡༥ལ།
དེ་སྔོན་ངེད་འཕྲིན་སྟེགས་སུ་བཀོད་པའི་རྩོམ་པ་པོའི་བརྩམས་ཆོས་གཞན་ཁག་ཅིག
ཁ་བྱང་སོ་སོ་ལས་ནང་དོན་ཁ་འབྱེད་ཐུབ།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་རི་ཁྲོད་ལྔའི་ལོ་རྒྱུས་ལས།
དང་པོ། བཀྲ་ཤིས་ཆོས་གླིང་ངམ་རྒྱོའུ་རྒྱའི་རི་ཁྲོད།གཉིས་པ། བཀྲ་ཤིས་དགེ་འཕེལ་གྱི་རི་ཁྲོད།
བཞི་བ། ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད།
藏文意为发心
འདིར་སྤེལ་བྱ་ནི།
དོན་དངོས་དཔྱད་བརྗོད། ཀུན་ཕན་ལག་ལེན།
事实分享 | 利益众生
© 善 觉
扫描二维码订阅
☸